Monday, 4 July 2016

ལས་འགུལ་ཞི་བ་དང་དྲག་པོ་གང་ཞིག་བབས་ཀྱང་ང་ཚོ་ལ་འདུག་ཤེས་ཡོད་དགོས།


མཁན་པོ་ཚུལ་ཁྲིམས་བློ་གྲོས།

འདུག་ཤེས་ཡོད་ན་གཞན་རྐྱེན་གང་གིས་ཀྱང་མི་ཚུགས། དེང་སང་སྤྱི་གཞུང་གིས་བླ་རུང་སྒར་འདི་ན་མི་གྲངས་མང་མི་ཆོག་ཅེས་བཤད་དེ་ལས་འགུལ་བབས་དགོས་ཟེར་གྱིན་ཡོད་པ་རེད། གལ་ཏེ་བླ་རུང་སྒར་འདི་ལ་སྤྱི་གཞུང་གི་ལས་འགུལ་ཞིག་མ་འོངས་པར་བབས་ཡོང་ན་དེ་དུས་ང་ཚོ་ལ་ཅིས་ཀྱང་འདུག་ཤེས་ཡོད་དགོས། སྔར་བླ་མ་ཡིད་བཞིན་ནོར་བུ་ཞལ་བཞུགས་པའི་དུས་སུ་བླ་རུང་སྒར་ནས་ཁང་པ་ཞག་བདུན་ལ་ཅ་ལག་རྣམས་ཀྱང་ཚུར་ལེན་མ་བཅུག་པར་ས་འགུལ་རྒྱུག་པ་བཞིན་དུ་སྤྱི་གཞུང་གིས་བཤིག་ཤོར་བ་རེད། ཁྱོན་བསྡོམས་པར་ཁང་པ་ཉིས་སྟོང་ལྷག་བཤིག་པ་རེད། སྐབས་དེར་བླ་མ་ཡིད་བཞིན་ནོར་བུས་ང་ཚོས་དཔེ་ཆ་བལྟས་ཏེ་བཟོད་པ་བསྒོམ་ནས་འདུག་དགོས་གསུངས་པ་བཞིན་ཚང་མས་བཟོད་པ་བསྒོམ་དེ་རིམ་གྲོ་གསུངས་ནས་བཞུགས་བཞག་པ་རེད། ད་ལྟ་ང་ཚོས་ཕྱིར་འདང་ཞིག་རྒྱག་དུས་སྐབས་དེར་བླ་མའི་གསུང་ལྟར་འདུག་ཤེས་ཤིག་མེད་ན་ད་ལྟའི་རིག་གནས་སྦྱོང་སའི་ཁོར་ཡུག་འདི་འདྲ་ཞིག་གཏན་ནས་མེད་པ་ཧ་གོ་ཡོང་གིན་འདུག རྗེས་སུ་ང་ཚོ་ལ་དེ་འདྲ་བའི་སྤྱི་གཞུང་གི་ལས་འགུལ་བབས་ཡོང་ན་སྔོན་བླ་མ་ཡིད་བཞིན་ནོར་བུའི་དུས་སུ་ཇི་ལྟར་ཕྱག་ལས་གནང་པ་དེ་ལྟར་ཁ་ཕྱོགས་བརྟན་པོ་བྱ་དགོས། ཁང་པ་གཏོར་བཤིག་ཤོར་ཡང་དེ་ཙམ་གནོད་པ་ཆེན་པོ་ཡོད་པ་མ་རེད། རྗེས་ཕྱོགས་ཡར་བསྐྲུན་ཆོག་པ་རེད། མ་འོངས་པར་ང་ཚོ་ལ་སྤྱི་གཞུང་གི་ལས་འགུལ་ཞིག་བབས་ཡོང་མིན་མི་ཤེས། གལ་ཏེ་བབས་ཡོང་ན་ང་ཚོ་ལ་ངེས་པར་དུ་འགྲོ་ཤེས་དང་འདུག་ཤེས་ཡོད་དགོས། ལས་འགུལ་ཞི་བ་དང་དྲག་པོ་གང་ཞིག་བབས་ཡོང་ན་སྐབས་དེར་ང་ཚོ་ལ་འདུག་ཤེས་མེད་ན་གནས་སྐབས་དང་མཐར་ཐུག་གང་ལའང་ཕམ་ཁ་མ་གཏོགས་མེད་པ་དེ་ཤེས་དགོས། གང་ལྟར་ཁོ་རང་ཚོས་གྲ་སྒྲིག་བྱས་ཡོང་ན་ང་ཚོས་ཀྱང་གྲ་སྒྲིག་བྱས་ཏེ་འདུག་ཤེས་ཡོད་པ་ཉམ་ཆུང་བྱས་ཏེ་བསྡད་ན་ཁང་པ་འགའ་ཞིག་བཤིག་ཀྱང་མཐར་རྒྱལ་ཁ་མ་གཏོགས་ཕམ་ཁ་ཡོད་པ་མ་རེད། ཆོས་མངོན་པ་ལས། བསྐལ་པ་འཇིགས་པའི་དུས་སུ་བསམ་གཏན་བཞི་པ་ལ་གནས་པའི་ལྷ་ཕྲུག་རྣམས་ཀྱིས་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་ནས་རིམ་བཞིན་མེ་དང་ཆུ་དང་རླུང་གིས་འཇིག་གིན་ཡོད་པ་མཐོང་ནས་བསམ་གཏན་བཞི་པའི་ལྷ་ཕྲུག་རྣམས་འཇིགས་ཤིང་སྐྲག་སྐབས། བསམ་གཏན་བཞི་པའི་ལྷ་རྒན་པ་རྣམས་ཀྱིས་ལྷ་ཕྲུག་ཁྱེད་ཅག་སྐྲག་མི་དགོས་བསམ་གཏན་གསུམ་པ་ཡན་ཆོད་ལ་འཇིགས་པ་འདི་ཡོང་གིན་མ་རེད་གསུངས་ཡོད་པ་རེད། དཔེ་དེའི་ནང་བཞིན་ང་ཚོ་ལ་འདུག་ཤེས་ཡོད་ན་སྤྱི་གཞུང་གི་ལས་འགུལ་ཇི་ལྟར་ཆེ་ཡང་ཁང་པ་འགའ་བཤིག་པ་ལས་སྐྱོན་ཆེན་པོ་ཞིག་ཅི་ཡང་བབས་རྒྱུ་ཡོད་པ་མ་རེད། དེ་ཚབས་ཆེན་ཅི་ཡང་མིན་པས་ཁང་པ་ཅི་ཙམ་བཤིག་ཀྱང་བཤིག་བཅུག་སྟེ་སྐབས་དེར་བཟོད་པ་བསྒོམ་ནས་འཇམ་ཅག་གེར་དཔེ་ཆ་ལྟ་ནས་འདུག་ཤེས་དགོས།

No comments:

Post a Comment