རྩོམ་པ་པོ། བཙན་ཞགས།
ང་ཚོ་འགྱུར་ལྡོག་གི་ཕྱེ་རླུང་ཆེན་པོ་ཞིག་གིས་དེད་དེ་འགྲོ་བཞིན་ཡོད་པ་རེད། ཉི་མ་རེ་རེ་བཞིན་ནང་སེམས་ཀྱི་དད་འདུན་དང་དྲང་བདེན་གཤིས་འཇམ་བསམ་བཟང་སོགས་ཀྱི་ལྟ་བར་འགྱུར་ལྡོག་གི་གཡུལ་འགྱེད་གཏོང་བཞིན་མི་ཚེ་འདི་ཕར་ཕར་གཏོང་གྱིན་ཡོད་པ་དེ་རེད། ལྷག་ཏུ་བརྡ་འཕྲིན་སྤྱོད་སྒོ་ཆེ་བའི་སྒང་འདིར་འཕྲིན་སྟེགས་དང་ངོ་དེབ་གྲོགས་ཚོམས་སོགས་སུ་རྒྱ་ཆེར་ཁྱབ་ཡོང་བ་དང་རྒྱུག་ཆེ་བ་ནི། ཆོས་ལུགས་དགགརྩོམ། སྲོལ་རྒྱུན་རྙིང་གཏོར། གྲྭ་ཇོ་སྔགས་གསུམ་སོགས་མི་སྒེར་གྱི་སྤྱོད་པའི་ཉོག་དྲ་སྣ་ཚོགས་དང་ཆགས་སྡང་གི་ཤུགས་ཆེ་བའི་གསར་འགྱུར་དང་རྩོམ་ཉོག་བརྙན་དང་པར་སོགས་རེད། དེ་དག་ནི་ང་ཚོའི་ཉི་མ་རེ་རེའི་དྲྭ་ལམ་གསར་འགྱུར་ཆེས་རྒྱུག་ཆེ་བའི་གྲས་སུ་འགྲོ་བ་རེད། དེ་དག་ནི་དེང་དུས་ཀྱི་ང་ཚོའི་དྲྭ་ལམ་གསར་འགྱུར་གལ་ཆེན་ཞིག་ཏུ་ཆགས་དོན་ག་རེ་ཡིན། ལྷག་ཏུ་མི་རིགས་ཀྱི་རིག་གཞུང་གི་ལས་ཀ་གཉེར་མཁན་དང་དེའི་ཁོར་ཡུག་གི་དོ་སྣང་ཆེ་དོན་ག་རེ་ཡིན་ཟེར་ན། འདི་ལ་དམིགས་ཡུལ་སྣ་ཚོགས་ཡོད་མོད། མི་རིགས་ཀྱི་ཆོས་ལུགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཕྱིར་དུ་ངན་པ་ཐེར་འདོན་དང་དག་གཙང་གི་འདུ་ཤེས་ཀྱིས་སྤེལ་མཁན་དང་བསྒྲགས་མཁན་མང་པོ་ཡོད་སྲིད། རེད་དེ་འགའ་རེས་རང་གི་འཕྲིན་སྟེགས་དང་ངོ་དེབ་བར་སྟོང་སོགས་ཀྱི་ཀློག་གྲངས་ཀྱི་དོན་དང་། དེ་བས་ཀྱང་ལ་ལས་ཆོས་ལུགས་ལ་སྐྱོན་བརྗོད་དང་། གྲུབ་མཐའ་ཕན་ཚུན་བར་ཕྲག་དོགས་སོགས་ཀྱི་ཀུན་སློང་གིས་སྤེལ་མཁན་ཡང་མང་། གང་ལྟར་ཉི་མ་རེ་བཞིན་འདིའི་རིགས་ཀྱི་འུར་ཟིང་ཇེ་ཆེར་འགྲོ་བའི་སྐབས་སུ་ང་ཚོའི་མིག་ལམ་དུ་འཁྲབ་སྟོན་དང་དངོས་ཡོད་གང་ཡིན་ཆ་མ་འཚལ་བའི་སྨྱོ་གར་སྣ་ཚོགས་ཤིག་སླེབས་ཡོང་བ་ནི་དུས་རབས་འདིའི་འགྲོ་ཕྱོགས་ཤིག་ཏུ་ཆགས་ཡོད། གང་ལྟར་རྨོངས་པའི་གི་རྒྱ་ལས་མ་གྲོལ་བའི་རང་ཅག་སུ་དང་སུའི་ལས་ཀ་ཡིན་ཡང་འདི་འདྲའི་སྐྱོན་ཅན་ཞིག་ཡིན་དེ། དཔལ་ལྡན་ཆོས་གྲགས་ཀྱིས། ལོག་པའི་ལམ་ལ་མཐའ་མེད་ཕྱིར།། དེ་དག་འདི་ནི་སྤྲོ་བྱ་མིན།། ཞེས་གསུང་པ་ལྟར་རོ།། དེ་འདྲ་ཡིན་དུས། རྨོངས་པ་ཁུར་བའི་མི་དག་གིས་དམིགས་ཡུལ་སྣ་ཚོགས་ཀྱི་དབང་གིས་ལས་ཀ་འདི་འདྲ་ནི་བྱེད་སྲིད་ལ་འདི་འདྲ་བྱེད་མི་སྲིད་པའི་ངེས་པ་མེད་ལ། བྱ་འདི་འདྲ་ནི་ངོ་མ་ཡིན་ལ་འདི་འདྲ་ནི་ངོ་མ་མིན་ཟེར་བའི་མཚམས་མི་ཟིན་པའི་དེ་རིང་ཁ་སང་། སོ་སོའི་ངོས་ནས་རབ་ཡིན་ན་ལེགས་ཉེས་འབྱེད་ཐུབ་པའི་བློ་མིག་དང་ཞིབ་འཇུག་ཅིག་ཡོད་དགོས་པ་དང་། དེ་འདྲ་མིན་ན་ཡང་འདི་ནི་དམིགས་ཡུལ་གང་ཞིག་གིས་འཁྲབ་སྟོན་ཡིན་ནམ་ངོ་མ་ཡིན་སྙམ་སྟེ་དོགས་པ་ཟ་ཤེས་རྒྱུ་གལ་ཆེ། དེང་སང་ཅུང་སྙན་གྲགས་ཆེ་བའི་མཁས་པ་དང་སྙན་ངག་པ། བླ་མ་དགེ་བཤེས་སོགས་ཀྱི་ནང་ན་ཡང་ལས་ཀ་འདི་འདྲ་བྱེད་མཁན་མང་པོ་རེད། གལ་ཏེ་མཁས་དབང་ག་གེ་མོ་ཞིག་གིས་སྟོན་པ་དང་བསྟན་པར་དགག་པའི་དངོས་བཤུས་བརྙན་ཐུང་ཞིག་ཐོན་བཞག་པའི་དབང་དུ་བཏང་ན་ཡང་རང་ངོས་ནས་དབྱེ་འབྱེད་དགོས་པ་ལས་དེ་མ་ཐག་ཕྱོགས་རྒྱུག་བྱེད་མི་འོས་སོ།། ཆོས་ལུགས་པའི་གྱོན་པ་གྱོན་པ་ཙམ་གྱིས་ཆོས་ལུགས་པ་ཡིན་པའི་ངེས་པ་མེད་ལ། གྱོན་པ་བེད་སྤྱོད་བཏང་ནས་ལས་ཀ་སྣ་ཚོགས་གཉེར་མཁན་ཡང་ཇེ་མང་རེད། གལ་ཏེ་བླ་མ་གྲྭ་བ་སྔགས་པ་ཇོ་མོ་སོགས་སུ་འདྲ་ཞིག་གིས་ཚུལ་མིན་གྱི་སྤྱོད་པ་སྤེལ་ཡོང་ན་ཡང་མི་དེ་དང་དེའི་ངོས་ནས་ཐག་གཅོད་པའི་འདུ་ཤེས་ཆགས་དགོས་པ་ལས་གང་ཟག་གི་སྐྱོན་ཆ་བསྟན་པ་ལ་འགེལ་མི་རུང་ངོ་།། སྤྱོད་པ་དེ་ཙམ་གྱིས་མི་དེ་ཡོངས་སུ་མཚོན་ཐུབ་མིན་ཡང་ཟུར་དུ་དཔྱོད་དགོས་པ་རེད། གང་ལྟར་མི་གཅིག་གཉིས་ཙམ་གྱི་སྤྱོད་པ་རྒྱུ་མཚན་དུ་བྱས་ནས་བསྟན་པ་སྤྱི་དང་སྟོན་པའི་རྗེས་འཇུག་སྤྱི་ལ་ལོག་ལྟ་དང་སྐུལ་འདེབས་བྱེད་པ་ནི་རང་ཕུངས་གཞན་བརླགས་ཀྱི་རྒྱུ་ཙམ་ལས་རྒྱུ་མཚན་ཤེས་པའི་མིའི་འདོར་ལེན་བྱེད་སྟངས་ཤིག་ཁྱོན་ནས་མ་ཡིན། དཔེར་ན། ཉིན་ཁ་ཤས་ཀྱི་སྔོན་ལ་བརྙན་ཐུང་འདི་འདྲ་ཞིག་དྲྭ་ལམ་ན་ཁྱབ་ཀྱིན་འདུག་པ་དེར་དཔོག་དང་གསལ་བོ་རེད། ས་ཆ་ག་གེ་མོ་ནས་ཡིན་པའི་སྤྲང་བོ་ཞིག་གིས་གྲྭ་ཆས་གྱོན་དེ་ལས་ཀ་སྣ་ཚོགས་བྱེད་པ་ཉེན་རྟོག་པས་བཟུང་ནས་ཐོབ་དཔང་སོགས་ཞིབ་བསྡུར་བྱས་ཏེ་གྲྭ་བ་མིན་པ་བསྒྲགས་ཀྱིན་པ་ལྟ་བུ་རེད། མི་དེས་ཆང་འཐུང་བ་དང་རྐུ་བྱེད་པ་སོགས་བསྟན་པའི་སྐྱོན་རེད་དང་། གྲྭ་པ་ཡོངས་ཀྱི་ནག་ཉེས་རེད་ཟེར་ན་འགྲིག་གམ། མདོར་ན །ང་ཚོ་ཚང་མས་འུར་འུར་ཟིང་ཟིང་དྲ་ལམ་འདི་ན་བདེན་རྫུན་མི་གསལ་བའི་ཁྱབ་བསྒྲགས་མང་པོའི་རྗེས་ལ་བརྒྱུགས་སྟེ་སོ་སོའི་སེམས་ཀྱི་དད་འདུན་གཙང་མ་དང་ཡིད་ཆེས་རྣལ་མ། བསམ་པ་དཀར་པོ་དང་མི་གཞིས་དྲང་མོ་སོགས་མང་པོ་མང་པོ་ཞིག་ལ་འགྱུར་བ་འགྲོ་གི་ཡོད་པ་འདི་མངོན་སུམ་རེད། དེ་ནི་ཁོ་བོར་བློ་ཕམ་སྐྱེ་བའི་གཞི་རྩ་ཡིན། ཆགས་སྡང་དང་ཕྱོགས་ཞེན་གྱི་ཡོངས་སུ་དཀྲིས་པའི་མཁས་མིང་ཅན་དང་ཡིག་འབྲི་བ་སྐོར་རེས་ཆེད་དུ་མང་ཚོགས་དག་ལམ་ལོག་ཏུ་འཁྲིད་པའི་རྩོམ་ཡིག་དང་འདྲ་པར་བརྙན་ཐུང་སོགས་མང་པོ་སྤེལ་གྱིན་ཡོད་པ་དེ་ནི། དོན་ངོ་མ་མི་རིགས་ཀྱི་ནང་འདྲེ་རེད། ལྷག་ཏུ་ཆགས་སྡང་གིས་ན་ཟུག་བཙན་པའི་ཡིག་འབྲི་བ་འགའ་རེས་བསྟན་པ་དང་གྲུབ་མཐའི་བར་ལ་ཕུང་དཀྲུག་བྱེད་པའི་ཆེད་ལས་པ་ལྟ་བུར་གྱུར་འདུག་པ་ཚང་མས་ཧ་གོ་དགོས་པ་ཞིག་རེད། གཡོ་ཐབས་སྣ་ཚོགས་ཀྱིས་ཇི་ལྟར་བཤད་ཀྱང་རང་རང་གི་ངོས་ནས་བདེན་པའི་རྗེས་སུ་འགྲོ་བ་ལས་ཅོལ་ཆུང་གཡམ་རྒྱུག་མི་བྱེད་པའི་རེ་བ་དང་འབོད་སྐུལ་བཏང་བ་ཡིན་ནོ།།

No comments:
Post a Comment