Monday, 4 July 2016

སློབ་མ་དོན་འགྲུབ་དང་ལྷ་མོ་གཉིས་ཀྱི་བར་གྱི་དྲི་བ་དྲིས་ལན།

རྩོམ་པ་པོ། ཨ་ཕྲུག་རྒྱལ།

དོན་འགྲུབ། དྲི་བ། ང་ལ་དཔེ་ཆ་ལྟོས་ཟེར་མཁན་མང་པོ་འདུག རེད་དེ་དེ་བལྟས་ན་ཕན་པ་འདི་དང་དགོས་ཆེད་འདི་རེད་ཟེར་ནས་བཤད་མཁན་གཏན་ནས་མི་འདུག དེ་གནད་དོན་གང་གིས་འགྲེལ་བཤད་བྱ་དགོས་སམ།
ལྷ་མོ། ལན། སློབ་གྲོགས་དོན་འགྲུབ་ལགས། དེ་ནི་ཁྱེད་རང་གནས་སྡོད་བྱེད་སའི་ཁོར་ཡུག་གི་ལམ་སྲོལ་ངན་པ་ཞིག་དང་། དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་ཀྱིས་མ་འཇོན་པ་ཡིན་ངེས། དཔེར་ན། དཔེ་ཁྲིད་ཀྱི་སྡོང་གྲོགས་ལ་ཁྲིམས་སྣོམ་དང་འཇིག་སྐུལ་ལས་སློབ་གསོའི་ཁ་ཕྱོགས་ཀྱི་རྒྱབ་ལྗོངས་མེད་ན་གནས་ཚུལ་དེ་འདྲ་དོན་བཞིན་པ་ལྟར་རོ།།
དོན་འགྲུབ། དྲི་བ། སློབ་མ་གང་ཞིག་གིས་སློབ་སྦྱོང་བྱེད་རྒྱུ་ནི་གལ་ཆེན་ཞིག་ཡིན་པ་ཤེས་བཞིན་ཡོད་ན་ཡང་། འོན་ཏེ་དཔེ་དེབ་ལག་ཏུ་བཟུང་ནས་སློབ་སྦྱོང་ལ་སྡུག་རུས་བྱེད་མཁན་སྲིད་མཐའ་ཙམ་ལས་མེད་པ་འདི་ཅི་ཡིན་ནམ།
ལྷ་མོ། ལན། འོ་ཡ། དྲི་བ་དེ་ནི་ཁྱེད་ཀྱི་ཁོར་ཡུག་ལ་བལྟོས་ཏེ་དྲིས་ཡོང་པ་འདྲ་བས་ཡོངས་ཁྱབ་ལ་དེ་ལྟར་ཡིན་མི་དཔེ། དེ་བས་དྲིས་ལན་ཡང་ཁྱེད་རང་གི་རྣམ་རྟོག་གིས་དཔགས་ཚོད་ཙམ་སྨྲས་ན། སློབ་མ་སུ་ཡིན་ཡང་སློབ་ཚན་དེ་ལ་ནན་གཏན་བྱེད་མིན་ནི་སློབ་མ་དེའི་དགའ་ཕྱོགས་དང་སྐབས་ཐོབ་ཀྱི་གཞུང་ཚན་གཉིས་ཀྱི་བར་ཐག་ལ་འབྲེལ་བ་དམ་ཟབ་ཡོད་པ་རེད། དེ་བས་སློབ་མ་གང་དེས་སློབ་ཚན་དེ་ལ་སྦྱོང་མོས་དེ་ཙམ་མེད་ན་ཡང་ཁོར་ཡུག་གི་ལམ་ལུགས་དང་མི་གཞན་གྱི་དབང་ཤུགས་ཀྱིས་ནན་སྐུལ་བྱས་ཀྱང་། སློབ་མ་དེའི་འབད་བརྩོན་ཆེ་རུ་མི་ཡོང་པ་རེད། གཞན་ཡང་ད་ལྟའི་དུས་སུ་ཁ་པར་སོགས་གློག་ཆས་སྐོར་ལ་གཡེང་ཆེ་འགྲོ་བས་ཡིན་ཡང་སྲིད།
དོན་འགྲུབ། དྲི་བ། འོ་ན་སློབ་མའི་ཁམས་དབང་ལ་མ་བལྟོས་པར་དགེ་རྒན་རང་ཉིད་ཀྱི་སྒེར་ཚུགས་རྐྱང་པས་དུས་ཚོད་ཡུན་རིང་དུ་སློབ་ཁྲིད་བྱེད་པ་དང་། དེ་བཞིན་དུ་སློབ་མའི་ཤེས་ཚད་དང་བློ་གྲོས་ལ་མི་འཚམ་པའི་རྒྱ་བཤད་རྒྱས་མང་ཙམ་བྱེད་མཁན་ཡང་ཡོད་འདུག་པས་སློབ་ཁྲིད་བྱེད་སྟངས་འདི་བཟང་ངན་ཅི་ཞིག་རེད་དམ། 
ལྷ་མོ། ལན། དེ་ནི་ཆེས་ཤིན་ཏུ་ཐ་ཤལ་བའི་སློབ་ཁྲིད་བྱེད་ཐབས་ཤིག་ཏུ་འདོད། སློབ་ཁྲིད་ནི་སློབ་མའི་ཆེད་དུ་བྱེད་ཀྱིན་ཡོད་པ་ལས་དགེ་རྒན་གྱི་ཁྲལ་ཙམ་མ་ཡིན་པས། སློབ་ཁྲིད་སྐབས་སློབ་མའི་བསམ་སྤྱོད་ཡར་སྐུལ་གྱི་ཆེད་དུ་སྐད་ཆ་བཤད་པ་དང་། སློབ་མ་རྣམས་ཀྱིས་ཉན་འདོད་མིན་ལ་གཞིགས་ཏེ་སློབ་ཐུན་སྔ་གྲོལ་བྱེད་བཅུག་རྒྱུ་དང་། དོགས་འདྲི་བྱེད་པ་སོགས་ཀྱི་འཁྲིད་ཐབས་སྣ་ཚོགས་པ་སྤྱད་དེ་སློབ་ཁྲིད་བྱེད་རྒྱུ་གལ་ཆེ་བར་སྣང་།
མཆན། མ་ཡིག་གི་ཁ་བྱང་ལ་སློབ་མ་དོན་འགྲུབ་དང་ལྷ་མོ་ཞེས་ཟེར། རྩོམ་སྒྲིག་པས།

No comments:

Post a Comment